བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་24པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་སྤྲིངས་པའི་རྟེན་འབྲེལ་གློག་འཕྲིན།

དུས་ཚོད།:2022-02-22 10:12:29 རྩོམ་སྒྲིག: འབྱུང་ཁུངས།:ཤིན་ཧྭ་གསར་འགྱུར་ཁང་།

ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར།

    པེ་ཅིང་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་24པའི་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་དང་། གསེར་གྱི་རྟགས་མ་9དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་2བཅས་བླངས་ནས། དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་རང་རྒྱལ་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་དེ་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་ཐོབ་པ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་མ་ཟད། བྱམས་བརྩེའི་འཚམས་འདྲིའང་ཞུ་རྒྱུ་ཡིན།

    སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དཔྱིད་གསར་འཆར་མ་ཐག་རྡོག་ཐོན་བྱས་ཏེ། འབད་འཐབ་བྱེད་ཕོད་པ་དང་སེམས་ནུས་གཅིག་སྒྲིལ་དང་དེ་བཞིན་རྣམ་གྲངས་ཚང་མར་ནུས་ཤུགས་ཡོད་རྒུས་འགྲན་ཞུགས་བྱས་ཏེ་འགྲན་བསྡུར་གྱི་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་པས་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོར་ཐོབ་པའི་གྲུབ་འབྲས་ལ་སྤོབས་སེམས་སྐྱེ་ཡི་འདུག ཁྱེད་ཚོས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་པའི་བསམ་པའི་ཉམས་འགྱུར་དང་རྩལ་འགྲན་གྱི་ཆུ་ཚད་ངོམ་པ་དང་། བྱ་སྤྱོད་ངོ་མར་བརྟེན་ནས་ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་གྱི་གསེར་གྱི་རྟགས་མ། དྭངས་གཙང་གི་གསེར་གྱི་རྟགས་མ་བཅས་ལེན་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། ཁྱེད་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལུས་རྩལ་པ་དང་ཕན་ཚུན་རྩལ་འགྲན་དང་ཕན་ཚུན་སྐུལ་ལྕག་གཏོང་རེས་བྱས་ནས། གངས་འཁྱགས་ཀྱི་སྟོན་མོ་གཟབ་རྒྱས་མཉམ་རོལ་བྱས་པ་ལས་སྤེལ་རེས་ལ་སྐུལ་མ་ཐེབས་པ་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ཁྱེད་ཚོའི་གཟེངས་སུ་ཐོན་པའི་མཚོན་ཚུལ་ལས་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐེབས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གི་རྒྱལ་གཅེས་སྤྲོ་སེམས་སྔར་བས་འཕེལ་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་ཆེད་བསམ་པའི་སྟོབས་ཤུགས་བསྣན་ཡོད།

    མིག་སྔར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་སྟོབས་ཆེར་སྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། “མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི”གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཀྲུང་ཧྭའི་ལུས་རྩལ་གྱི་སྟོབས་ཆེན་རྒྱལ་ཁབ་གང་མགྱོགས་སྐྲུན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།


ཀྲུང་གུང་ཀྲུང་དབྱང་དང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

2022ལོའི་ཟླ་2ཚེས་20ཉིན།


རྡེབ་གནོན་གྲངས་ཚད། TOP