བོད་ལྗོངས་དཔེ་མཛོད་ཁང་གི་དམངས་ཡོངས་དཔེ་ཀློག་ལ་སྐུལ་བའི་གྲོས་འདོན་ཡི་གེ

དུས་ཚོད།:2018-04-17 23:13:06 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

        དཔེ་དེབ་ནི་མིའི་རིགས་ཡར་རྒྱས་སུ་འགྲོ་བའི་ཐེམ་སྐས་ཡིན།  དཔེ་དེབ་ཀྱི་ནང་དུ་བདེན་དོན་གྱི་འབོད་སྐུལ་ཡོད་ལ།  ཤེས་རབ་ཀྱི་འོད་སྣང་དང་།  བརྩེ་སེམས་ཀྱི་རྟིང་སྐུལ་ཡང་ཡོད།  དཔེ་དེབ་ཀྱིས་ང་ཚོར་ཤེས་རྟོགས་ཀྱི་ནམ་འཕང་གཅོད་པའི་བསམ་གཞིག་གི་གཤོག་ཟུང་སྩོལ་ལ། མི་ཚེ་ཡི་བཞུད་ལམ་བགྲོད་པའི་རྒྱགས་ཕྱེ་དང་ལམ་སྟོན་ཡང་གནང་ཡོང་།

        ཤེས་རིག་དཔལ་འབྱོར་མངོན་པར་དར་བའི་དུས་རབས་གསར་བ་འདིར།  དཔེ་ཀློག་ནི་མི་སྒེར་གྱི་ཤེས་རྒྱ་ཆེ་རུ་གཏོང་བ་ཙམ་དང་།  རང་གཅུན་བློ་སྦྱོང་ཙམ་དུ་མ་ཟད་པར།  དེ་ནི་མི་རིགས་ཤིག་གི་ཤེས་ཡོན་གྱི་སྤུས་ཚད་དང་རྒྱལ་ཁབ་ཅིག་གི་མངོན་ལྐོག་གི་སྟོབས་ཤུགས་དང་འབྲེལ་ཡོད་པས།  དཔེ་ཀློག་ནི་མི་སྒེར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་དང་སྒུལ་ཤུགས་ཡིན།

        ༡༩༩༥ ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལོ་རེའི་ཟླ་༤པའི་ཚེས་༢༣ཉིན་ནི་འཛམ་གླིང་དཔེ་ཀློག་གི་ཉིན་མོར་གཏན་འབེབས་བྱས་ཏེ། འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེ་བོ་གཅིག་ཀྱང་མ་ལུས་པས་དཔེ་དེབ་ཀློག་ཐུབ་པའི་བླང་བྱ་བཏོན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་དཔེ་ཀློག་ཁྱབ་གདལ་དུ་གཏོང་བ་ནི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཐབས་གལ་ཆེན་ཞིག་ཏུ་བཟུང་ཡོད་པས། དཔེ་ཀློག་དར་སྤེལ་དང་རྒྱ་ཁྱབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་རིག་གནས་གོང་འཕེལ་གཏོང་བའི་འཐབ་ཇུས་གལ་ཆེན་ཞིག་ཏུ་གྱུར་ཡོད།

        ད་ལོའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་སླེབས་ལ་ཉེ་བའི་དུས་འདིར།   བོད་ལྗོངས་དཔེ་མཛོད་ཁང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཡོངས་ལ་གྲོས་འགོ་འདོན་རྒྱུར།

          ༡   ལོ་ཆུང་བྱིས་པའི་ཁྱིམ་བདག་གིས་དཔེ་ཀློག་དར་སྤེལ་གཏོང་རྒྱུ།  

     གལ་ཏེ་ཁྱེད་ཉིད་ལོ་ཆུང་བྱིས་པའི་ཁྱིམ་བདག་ཅིག་ཡིན་ན།  དུས་རྒྱུན་དུ་སྙན་ངག་གྱེར་འདོན་གྱི་འགྱུར་ཁུག་དང་། ཟོལ་མེད་ལྷ་སྒྲུང་གི་འགྲེལ་བརྗོད།  བློ་སྐྱེད་རྩེད་འཇོ་ཡི་གོ་རིམ་ཁྲོད་ནས།  སློབ་སྦྱོང་གི་མཁའ་དབུགས་བཟང་པའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་བསྐྲུན་དགོས་ལ།  ངེས་པར་དུ་བྱིས་པའི་འཚར་ལོངས་ཀྱི་གོམ་པ་རེ་རེ་མིག་གིས་འཚོས་ཏེ་ཁོ་ཚོར་བརྗེད་མེད་སྤྲོ་སྣང་གིས་ཁྱབ་པའི་བྱིས་དུས་ཀྱི་ཞིང་ཁམས་ཤིག་བསྐྲུན་དགོས་པ་མ་ཟད།  ཆུང་དུས་ནས་ལེགས་ཉེས་སྟངས་འཛིན་གྱི་བློ་མིག་འབྱེད་དགོས།

        ༢  གཞོན་ནུ་ལོ་ཆུང་གིས་དཔེ་ཀློག་དར་སྤེལ་གཏོང་རྒྱུ།

        གལ་ཏེ་ཁྱེད་ཉིད་གཞོན་ནུ་ལོ་ཆུང་ཞིག་ཡིན་ན།  ངེས་པར་དུ་རྨད་བྱུང་གི་བསྟན་བཅོས་གང་མང་ལ་མཇལ་ཏེ་ནང་སེམས་ལ་འོད་སྣང་འདྲེན་པ་དང་།  ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ནས་མདུན་སྐྱོད་ཀྱི་གོ་ཆ་བགོ་རྒྱུ་ཧ་ཅང་གལ་ཆེ།  དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས།  དལ་བའི་རྟེན་ཐོབ་མཚན་ལྡན་བཤེས་ཀྱིས་བསྐྱངས། ། མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། ། ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། ། ཕྱི་བཤོལ་སྤངས་ཏེ་སྙིང་པོ་ལོངས་ཤིག་ཨང༌། །  ཞེས་གསུངས་པ་ལྟར།  ལོ་ན་ཆུང་བའི་དུས་སྐབས་བཟང་པོ་ཆུད་ཟོས་སུ་མི་གཏོང་བར་ཐོས་པའི་སྒྲོན་མེ་ཡོངས་སུ་སྦར་ཏེ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱས་ནས།  མི་ཚེ་དང་འཇིག་རྟེན་གྱི་ལྟ་བ་ཡང་དག་ཅིག་གི་ཐོག་ནས་རང་ཉིད་ལ་འོད་ཟེར་སྟོང་ལྡན་གྱི་འབྱུར་འགྱུར་ཞིག་བསྐྲུན་ཐུབ་པ་བྱེད་དགོས།

        ༣  ལས་བྱེད་པས་དཔེ་ཀློག་དར་སྤེལ་གཏོང་རྒྱུ།  

        གལ་ཏེ་ཁྱེད་ཉིད་ལས་བྱེད་པ་ཞིག་ཡིན་ན།  ལས་ཀའི་བྲེལ་ཟིང་མཇུག་རྫོགས་པ་ན་དོན་མེད་ཀྱི་འདུ་འཛིས་འདའ་བ་ལས།  དཔེ་ཀློག་གི་རོ་བརྒྱ་ལ་མྱང་ནས་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་སུ་གཏོང་བ་དང་།  རིག་གནས་ཤེས་རྒྱ་ཇེ་ཡངས་སུ་བཏང་སྟེ།  སྤྱི་ཚོགས་ཡོངས་ལ་དཔེ་ཀློག་གི་གོམས་སྲོལ་བཟང་པོ་ཞིག་ཆགས་པར་སྣེ་འཁྲིད་མཁན་ཞིག་དང་།  དམངས་ཡོངས་དཔེ་ཀློག་ལ་སྐུལ་ཏེ་ཐོས་བསམ་གྱི་དྲི་ངད་ལྡང་བའི་སྤྱི་ཚོགས་ཤིག་གསར་སྐྲུན་བྱེད་པའི་གདུང་འདེགས་མི་སྣར་འགྱུར་དགོས།

        ༤  ཞིང་འབྲོག་མང་ཚོགས་ཀྱིས་དཔེ་ཀློག་དར་སྤེལ་གཏོང་རྒྱུ།

        གལ་ཏེ་ཁྱེད་ཉིད་ཞིང་པའམ་འབྲོག་པ་ཞིག་ཡིན་ན།   ཅི་ནས་ཀྱང་ཚན་རིག་ཤེས་བྱའི་སྐོར་གྱི་དཔེ་དེབ་མང་ཙམ་བཀླག་སྟེ་ཚན་རྩལ་གྱི་ལྡེ་མིག་གིས་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་དགོས་པ་དང་།   དཔེ་ཀློག་གི་ཁྲོད་ནས་ཤེས་ཡོན་བྱང་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་ལམ་སྲོལ་བཏོད་པ་པོ་ཞིག་བྱ་དགོས།

༥  སྡེ་ཁུལ་གྱི་གྲོང་མིས་དཔེ་ཀློག་དར་སྤེལ་གཏོང་རྒྱུ།

         གལ་ཏེ་ཁྱེད་ཉིད་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན་ན།  ནམ་རྒྱུན་ཁོམ་ལོང་གི་སྐབས་སུ་དཔེ་ཀློག་ལ་གཞོལ་རྒྱུ་གལ་ཆེ། དེ་ཡང་།  ཤིན་ཏུ་རྒས་པར་གྱུར་ཚེ་ཡང་། །ཐོས་པ་མང་དུ་བསག་པར་བྱ། །ཕྱི་མར་ཐོས་པས་ཕན་པ་ཙམ། །སྦྱིན་པ་ཡིས་ཀྱང་ག་ལ་ཕན། ། ཞེས་གསུངས་པ་ལྟར་རྒས་ཤིང་འཁོགས་པར་གྱུར་ནའང་དཔེ་ཀློག་གིས་ངོམས་པ་མི་བྱེད་པར།  དཔེ་ཀློག་གིས་རང་ཉིད་ལ་འཇའ་ཚོན་ལྟ་བུའི་མཛེས་སྡུག་ཕུན་ཚོགས་གི་མི་ཚེ་ཞིག་བསྐྲུན་དགོས།

        ༦  བོད་ལྗོངས་དཔེ་མཛོད་ཁང་དང་ས་ཁུལ་རིམ་པའི་སྤྱི་པའི་དཔེ་མཛོད་ཁང་སོ་སོས་རིན་མེད་སྒོ་འབྱེད་ཀྱི་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་ཏེ།   དཔེ་དེབ་ཀྱི་སྦྲང་ཆར་གྱིས་ཀློག་པ་པོའི་ཡིད་སེམས་ཀྱི་ཞིང་ས་རབ་ཏུ་བརླན་ཏེ།  བསམ་བློ་མཛུབ་ཁྲིད་དང་འདུ་ཤེས་རྒྱུན་འཛིན་གྱི་ཐད་ནས་ལྷག་བསམ་ཟོལ་མེད་གྱིས་ཞབས་ཞུ་གང་ལེགས་སྒྲུབ་དགོས། 

        གྲོགས་པོ་རྣམ་པ།  དཔྱིད་དཔལ་བུ་མོ་སྒེག་ཉམས་ཀྱིས་འཛིན་མའི་མགྲོན་དུ་ཕེབས་པའི་དུས་ཚུགས་ནི་ཏག་ཏག་སྐྱེ་བོ་ཐམས་ཅད་ཀློག་ལ་གཞོལ་བའི་དུས་ཚོད་ཡག་ཤོས་ཡིན་པས།  ང་ཚོ་མཉམ་དུ་དཔེ་ཀློག་ལ་གཞོལ།  དཔེ་དེབ་མང་པོ་བཀླག་ཏེ།  དཔེ་དེབ་ནི་ཆུ་དང་།  ཉི་འོད།  མཁའ་དབུགས་སོགས་ལས་གཞན་པའི་ཚེ་སྲོག་གི་རྟེན་གཞི་གསར་བ་ཞིག་ཏུ་འགྱུར་བར་བྱས་ཏེ།   དམངས་ཡོངས་དཔེ་ཀློག་གི་ས་བོན་བསིལ་ལྡན་ཁ་བའི་ལྗོངས་སུ་ཡངས་པོར་གཏོར་ཏེ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བཅུག་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བྱ་གཞག་ལ་ང་ཚོ་བོད་ལྗོངས་ཀྱི་ནུས་ཤུགས་གསར་བ་ཞིག་འདོན་པར་བྱའོ།



རྡེབ་གནོན་གྲངས་ཚད། TOP