རྒྱལ་ཡོངས་གནའ་དཔེ་གཙོ་གནད་སྲུང་སྐྱོབ་སྡེ་ཚན། ནོར་བུ་གླིང་གའི་གནའ་དཔེ་ཡོངས་བཤེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

དུས་ཚོད།:2019-03-08 13:09:42 རྩོམ་སྒྲིག: འབྱུང་ཁུངས།:

IMG_3048.jpg
         རྒྱལ་ཁབ་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གཉིས་ཀྱི་སྤྱིའི་བཀོད་སྒྲིག་ལ་གཞིགས་པ་དང་། བོད་ལྗོངས་དཔེ་མཛོད་ཁང་༼ རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་༽ གི་གནའ་དཔེ་ཡོངས་བཤེར་དང་ཐོ་འགོད་ལས་དོན་གྱི་ཞིབ་ཕྲའི་བཀོད་སྒྲིག་ལྟར།  ༢༠༡༨་ལོའི་ཟླ་༩་ཚེས་༥་ཉིན། བོད་ལྗོངས་དཔེ་མཛོད་ཁང་དང་ནོར་བུ་གླིང་ག་དོ་དམ་ཁྲུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནོར་བུ་གླིང་གའི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་སྤེལ་འགོ་ཚུགས་པ་རེད། ཡོངས་བཤེར་གྱི་ལས་དོན་དེ་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྐུལ་འདེད་གཏོང་ཆེད།  ལྗོངས་དཔེ་མཛོད་ཁང་དང་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡིས་ཆེད་དོན་ཚོགས་འདུ་ཐེངས་མང་པོར་ཚོགས་ནས། ནོར་བུ་གླིང་གའི་གནའ་དཔེ་ཡོངས་བཤེར་ལས་དོན་གྱི་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ཡོངས་བཤེར་གྱི་དུས་ཚོད་དང་ཁྱབ་ཁོངས་ཁ་གསལ་བཟོས་པ་རེད།  དེ་བཞིན་སྟོབས་ཤུགས་ཧྲག་པོ་སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་ཐོག་ཡོངས་བཤེར་གྱི་ཚོགས་ཆུང་ཞིག་བཙུགས་པ་དང་།  ཡོངས་བཤེར་གྱི་གཞི་གྲངས་དོ་དམ་དང་། གྲུབ་འབྲས་བེད་སྤྱོད།  རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་སོགས་ཀྱི་ལས་དོན་གྱི་ལམ་སྲོལ་ཡང་བཙུགས་ནས། ནོར་བུ་གླིང་གའི་བོད་ཡིག་གནའ་དཔེ་ཡོངས་བཤེར་དང་ཐོ་འགོད་ཀྱི་གྲོས་མཐུན་ཡི་གེའི་ཐོག་མིང་རྟགས་ཀྱང་བཀོད་པ་རེད།

IMG_3049.jpg  

ཡོངས་བཤེར་ཁྲོད། ཡོངས་བཤེར་ཚོགས་ཆུང་གིས་དཀར་ཆག་སྒྲིག་ནས་ རིགས་ཕྱེ་བ་དང་། དཔེ་གཟུགས་པར་ལེན་པ། རིམ་པ་དབྱེ་འབྱེད། དཔེ་ཆའི་ཁ་བྱང་ཡིག་སྒྱུར་བྱེད་པ་སོགས་རྙོག་འཛིང་ཆེ་བའི་ཡོངས་བཤེར་གྱི་བརྒྱུད་རིམ་དག་ལེགས་གྲུབ་བྱུང་བ་དང་།  དེ་དང་དུས་མཚུངས་སུ། གནའ་དཔེ་འཇུག་སྣོད་བཀོད་སྒྲིག་དང་། ནོར་འཁྲུལ་བྱུང་བའི་ལྡེབ་གྲངས་ལེགས་སྒྲིག  ཡིག་ཆ་ཡོངས་རྫོགས་བཤེར་འབེབས་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནའ་དཔེར་སྲུང་སྐྱོབ་བྱས་པ་དང་།  ཡིག་ཚགས་ཉར་ཚགས་བྱས་པ་སོགས་རམ་འདེགས་རང་བཞིན་གྱི་ལས་དོན་སྤེལ་བས། ནོར་བུ་གླིང་གའི་གནའ་དཔེ་ཉར་ཚགས་ཀྱི་གྲུབ་ཚུལ་དང་། ཉར་ཚགས་ཀྱི་གྲངས་ཚད། གནའ་དཔེ་ཉར་ཚགས་ཏན་ཏིག་བྱེད་པ་བཅས་ལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་ལས་དོན་གྱི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།
IMG_3050.jpg

མིག་སྔར། ནོར་བུ་གླིང་གའི་གནའ་དཔེ་ཡོངས་བཤེར་དང་ཐོ་འགོད་ཀྱི་ལས་དོན་སྤེལ་ནས་ད་ལྟའི་བར་ལོ་ཕྱེད་ཙམ་ཕྱིན་པ་དང་། ཡོངས་བཤེར་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བས། ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན།  ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་ཉར་ཚགས་བྱ་ཡུལ་༼ ཕོ་བྲང༽ བཞིའི་གནའ་དཔེ་པོ་ཏི་༥༨༤་ལ་ཡོངས་བཤེར་དང་ཐོ་འགོད་ཀྱི་ལས་དོན་སྤེལ་ཟིན་པ་དང་། དེའི་ནང་རྟག་བརྟན་མི་འགྱུར་ཕོ་བྲང་གི་པོ་ཏི་༣༥༢་དང་། སྐལ་བཟང་ཕོ་བྲང་གི་པོ་ཏི་༢༠་སྤྱན་གསལ་ཕོ་བྲང་གི་པོ་ཏི་༡༢༢་སྐལ་བཟང་བདེ་འཁྱིལ་ཕོ་བྲང་གི་པོ་ཏི་༩༠་བཅས་ཚུད་ཡོད་པ་དང་།  པོ་ཏི་༦༢༠་ལ་སྤོ་རུང་བའི་རིག་དངོས་ཡོངས་བཤེར་དང་ཐོ་འགོད་ཀྱི་ལས་དོན་ལེགས་གྲུབ་བྱུང་ཟིན།  དེའི་ནང་རྟག་བརྟན་མི་འགྱུར་ཕོ་བྲང་གི་པོ་ཏི་༣༦༠་དང་། སྐལ་བཟང་ཕོ་བྲང་གི་པོ་ཏི་༡༩་སྤྱན་གསལ་ཕོ་བྲང་གི་པོ་ཏི་༡༥༡་སྐལ་བཟང་བདེ་འཁྱིལ་ཕོ་བྲང་གི་པོ་ཏི་༩༠་བཅས་ཚུད་ཡོད།  གནའ་དཔེ་ཡོངས་བཤེར་དང་སྤོ་རུང་བའི་རིག་དངོས་ཐོ་འགོད་ཀྱི་ལས་འགན་དེ་གཉིས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བས། ནོར་བུ་གླིང་གའི་གནའ་དཔེ་ཡོངས་བཤེར་དང་སྤོ་རུང་བའི་རིག་དངོས་ཐོ་འགོད་ཀྱི་གྲངས་གཞིའི་ཡང་དག་རང་བཞིན་དང་། གཅིག་ཉིད་རང་བཞིན་ལ་འགན་ལེན་བྱས་ཡོད་པ་རེད།
མིག་སྔའི་བར།  ཡོངས་བཤེར་ཁྲོད་ཉར་ཚགས་ཡག་པོ་བྱུང་ཡོད་པའི་དཔེ་རྒྱུན་དཀོན་པོ་ཁྱོན་པོ་ཏི་ ༩་དང་།  རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བཞེངས་པའི་མཐིང་ཤོག་སྟེང་རིན་པོ་ཆེ་མང་པོས་བྲིས་པའི་བཀའ་འགྱུར་བྲིས་མ་པོ་ཏི་༥༥་དང་།  དེ་བཞིན་དུས་སྐབས་དེར་ཚོད་ལྟ་བྱས་ནས་བཞེངས་པའི་མཐིང་ཤོག་གི་མ་ཤོག་དང་། ཡིག་གཟུགས་དཔེ་བྲིས། རིན་པོ་ཆེ་སྣ་མང་གིས་བཞེངས་པའི་ཚོས་གཞིའི་ནུས་པའི་མ་ཟིན་ཚོད་དཔེ་སོགས་འབྲེལ་ཡོད་ཟུར་གཏོགས་རིག་དངོས་དང་། གཞན་རྗེ་ཙོང་ཁ་པ་ཆེན་མོའི་གསུང་རྩོམ་སྟེ། བྱང་ཆུབ་ལམ་རིམ་ཆེན་མོ་སྔ་དུས་ཀྱི་གོང་དཀར་ཆོས་སྡེའི་པར་མ།  ད་དུང་མངའ་རིས་གུང་ཐང་གི་སྔ་དུས་ཀྱི་དཔར་མ་དང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བླ་འབུམ་མཐིང་ཤོག་གསེར་བྲིས་ཞུ་དག་མའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། ནོར་བུ་གླིང་གའི་དཔེ་རྙིང་དཀར་ཆག་གི་པར་གཞི་ཁག་ཅིག་དང་དེ་བཞིན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྗེས་སུ་བཞེངས་པའི་གྲུ་འཛིན་ཕོ་བྲང་གཙུག་ལག་ཁང་གི་དཀར་ཆག་སོགས་རྩ་ཆེའི་གནའ་དཔེ།  རྗེ་ཙོང་ཁ་པ་ཆེན་མོ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། སྐྱབས་རྗེ་ཕ་བོང་ཁ་སོགས་དགེ་ལུགས་པའི་སྐྱེས་ཆེན་དམ་པ་དག་གི་པར་གཞི་མི་འདྲ་བའི་གསུང་འབུམ་བཅས་མང་པོ་ཞིག་རྙེད་པ་རེད།
རིམ་པ་དང་པོའི་རིག་དངོས་པོ་ཏི་༥༧་དང་། རིམ་པ་གཉིས་པའི་རིག་དངོས་པོ་ཏི་༡༣༢་རིམ་གསུམ་པའི་རིག་དངོས་༢༡༤་སྤྱིར་བཏང་གི་རིག་དངོས་༢༡༦་རིམ་པ་མེད་པའི་རིག་དངོས་པོ་ཏི་༡་བཅས་ལ་རིམ་དབྱེ་བྱས་པ་རེད།  ཡོངས་བཤེར་དང་ཐོ་འགོད་བྱེད་པའི་བརྒྱུད་རིམ་ཁྲོད། རྩ་ཆེའི་གནའ་དཔེ་རྣམས་ལ་དཔེ་རས་༡༢༥་གཡོགས་པ་དང་། གདོང་འཛར་༣༡༣་བྲིས་པ་རེད། ལྡེབ་གྲངས་འཁྲུལ་བའི་གནའ་དཔེ་པོ་ཏི་༥༠་ལེགས་སྒྲིག་བྱས་པ་དང་། པོ་ཏི་༦༢༠་ལ་ལྡེབ་གྲངས་ཞིབ་བསྡུར་བྱས་པ། དཔེ་རྒྱུན་དཀོན་པོ་པོ་ཏི་༢༠་ལ་ཆ་ཚང་ངམ་ནང་དོན་གལ་ཆེན་དག་ལ་བཤེར་འབེབས་བྱས་པ། གནའ་དཔེའི་དཔེ་གཟུགས་པར་ལེན་གྲངས་༢༩༢༠་བྱས་པ། སྤོ་རུང་བའི་རིག་དངོས་དཔེ་གཟུགས་པར་ལེན་གྲངས་༣༡༠༠་བྱས་པ་རེད།
ནོར་བུ་གླིང་གའི་གནའ་དཔེ་ཡོངས་བཤེར་དང་ཐོ་འགོད་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ༢༠༡༩་ལོའི་ཟླ༢་ཚེས་༢༦་ཉིན། ནོར་བུ་གླིང་ག་དོ་དམ་ཁྲུའུ་དང་བོད་ལྗོངས་དཔེ་མཛོད་ཁང་གིས་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་སྐོང་འཚོགས་བྱས་ཏེ། དུས་རིམ་སྔོན་མའི་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་དང་། ཡོངས་བཤེར་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ། ཕྱིས་འབྱུང་གྲུ་འཛིན་ཕོ་བྲང་དང་ཞབས་བརྟན་ལྷ་ཁང་ནང་དུ་ཡོད་པའི་གནའ་དཔེ་པོ་ཏི་༤༠༠༠་ལྷག་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་ཐོ་འགོད་ཇི་ལྟར་བྱེད་པའི་ཐོག་མའི་ཇུས་གཞི་བཏོན་པ་རེད། རྗེས་མར། ལས་ཁུངས་གཉིས་ཀྱིས་ལས་དོན་མི་སྣ་ཉུང་བ་དང་། ཡོངས་བཤེར་བྱེད་དཀའ་བ་སོགས་ཀྱི་དཀའ་ངལ་དངོས་སེལ་ནས། མཉམ་འབྲེལ་ཐོག་ནོར་བུ་གླིང་གའི་གནའ་དཔེ་ཡོངས་བཤེར་ལས་དོན་ལ་སྐུལ་འདེད་གཏང་སྟེ། རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་བར་བོད་ལྗོངས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།


རྡེབ་གནོན་གྲངས་ཚད། TOP