བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
ཚེ་རིང་ལགས། ང་ཚོ་ནི་ཁྱེད་ཀྱི་ཞུམ་མེད་ཀྱི་རྒྱབ་རྩ་ཡིན།

དུས་ཚོད།:2018-10-15 21:55:14 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་དཔེ་མཛོད་ཁང་།

ཀྲུང་གོ་ལོང་ཡིག་དཔེ་མཛོད་ཁང་གིས་གཙོ་གཉེར་བྱས་པའི་༼སེམས་ནས་ཁྲིམས་ཤེས་པ་དང་བྱ་སྤྱོད་ཐོག་ནས་ཁྲིམས་སྲུང་བ་༽ཞེས་པའི་བརྗོད་བྱ་གཙོ་བོའི་རྒྱལ་ཡོངས་ལོང་བའི་གཏམ་བཤད་འགྲན་བསྡུར་ནི་༢༠༡༨ལོའི་ཟླ་བ་༡༠པའི་ཚེས་༢༩ནས་ཟླ་བ་༡༡པའི་ཚེས་༡ཉིན་བར་རྒྱལ་ས་པེ་ཅིན་དུ་འཚོགས་རྒྱུ་རེད། བོད་ལྗོངས་དཔེ་མཛོད་ཁང་གིས་ལྗོངས་ནང་ཁུལ་ནས་འོས་སྦྱོར་ཞུས་པའི་འགྲན་ཞུགས་མི་སྣའི་ཁྲོད་ནས་ཀྲུང་གོ་ལོང་ཡིག་དཔེ་མཛོད་ཁང་གིས་ཐེངས་མང་འདེམས་སྒྲུག་བྱས་པ་བརྒྱུད། མཐའ་མར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་ལོང་བའི་སློབ་གྲྭ་ཆེ་མོ་བ་ཚེ་རིང་ལགས་རྒྱལ་ཁའི་ངང་རྒྱལ་ཡོངས་བསྐྱར་མའི་འགྲན་བསྡུར་ནང་ཚུད་ཡོད། ཐེངས་འདིར་ཁོ་རང་རང་ལྗོངས་ཀྱི་ལོང་བའི་ཚབ་བྱས་ཏེ་པེ་ཅིན་དུ་ཆེས་མཐའ་མའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན།

ཀུན་གྱིས་མཁྱེན་གསལ་ལྟར། ཧུར་བརྩོན་དང་ཡ་རབས་སྤྱོད་བཟང་གིས་ཕྱུག་པའི་ཚེ་རིང་ལགས་ནི་ལོ་གོང་མའི་མཐོ་རྒྱུགས་ཁྲོད་གཡུར་ཟའི་གྲུབ་འབྲས་ཐོབ་ནས་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་བདེ་བླག་ངང་ཚུད་ཡོད། ད་དུང་ཁོང་ནི་བོད་ལྗོངས་དཔེ་མཛོད་ཁང་གི་ཀློག་པ་པོ་རྣམ་དག་ཅིག་ཡིན།


རྒྱལ་སྤྱིའི་ལོང་བའི་དུས་ཆེན་ཐེངས་༣༥པ་སླེབས་ལ་ཉེ་བའི་མཚམས་འདིར། བོད་ལྗོངས་དཔེ་མཛོད་ཁང་གིས་༼དཔེ་ཀློག་གིས་ཁྱེད་ལ་འོད་སྣང་སྦྱིན་༽ཞེས་པའི་བརྗོད་བྱ་གཙོ་བོའི་ལོང་བའི་ཀློག་པ་པོའི་བཞུགས་མོལ་དང་མཉམ་སྤྲོའི་བྱེད་སྒོ་སྤེལ་ཏེ། ཆེད་དུ་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད། བྱེད་སྒོའི་ཁྲོད་ཚེ་རིང་ལགས་ཀྱིས་མི་རིང་བར་འགྲན་བསྡུར་ཁྲོད་གྲ་སྒྲིག་གནང་བའི་གཏམ་བཤད་བརྩམས་ཆོས་ཁག་དཔེ་མཛོད་ཁང་དང་ལོང་བའི་གྲོགས་པོ་ཚོའི་སྤྱན་ལམ་དུ་ཕུལ་བས། གཅིག་ནས་གཟིགས་མོ་བ་ཚོའི་སྐུལ་མ་དང་རྒྱབ་སྐྱོར་ཚད་མེད་ཐོབ་ཡོད་ལ། གཉིས་ནས་གཏམ་བཤད་དང་སྐད་བརྡའི་ཐབས་རྩལ་ཐད་ལ་ཁ་ཚ་དགོས་གཏུགས་ཀྱི་བསམ་འཆར་མི་ཉུང་བ་ཡང་བཏོན་ཡོད།


ཚེ་རིང་ལགས། ཁྱེད་ནི་བོད་ལྗོངས་ལོང་བའི་སྐུ་ཚབ་ཡིན་ལ་ང་ཚོའི་སྤོབས་པ་ཡང་ཡིན། ང་ཚོས་ནམ་ཡང་ཁྱེད་ལ་རྒྱབ་སྐྱོར་དང་སློབ་སྦྱོང་ཞུ། བཞུགས་མོལ་བྱེད་སྒོའི་ཁྲོད་ལོང་བའི་གྲོགས་པོ་ཚོས་ཚེ་རིང་ལགས་ནི་ཁོང་ཚོའི་སྤོབས་པ་དང་སློབ་སྦྱོང་ཞུ་ཡུལ་ཞིག་ཡིན་པའི་གདེང་འཇོག་དང་། ད་དུང་དཔེ་ཀློག་གིས་མི་ཚེའི་ཁ་ལོ་བསྒྱུར་བ་དང་། དཔེ་ཀློག་གིས་རང་མཐོང་དང་འོད་སྣང་སྦྱིན་སོགས་ཀྱི་གླེང་མོང་བྱུང་ཡོད་ལ། ཐ་ན་གཞི་རིམ་དུ་ལོང་བར་ཡིག་རྨོངས་སེལ་ཐབས་ཀྱི་ཞབས་ཞུ་དང་བསམ་འཆར། ཇི་ལྟར་བྱས་ནས་དེང་རབས་ཀྱི་ལག་རྩལ་སྤྱད་དེ་ལོང་བའི་དཔེ་ཀློག་གི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་སྐོར་ལའང་གླེང་མོང་བྱུང་ཡོད། 

ཁོ་ཚོ་ནི་སྤྱི་ཚོགས་སྟེང་གི་ཉམ་ཆུང་བའི་ཁྱུ་ཚོགས་ཤིག་ཡིན། འོན་ཀྱང་ཁོ་ཚོའི་རང་བཀུར་དང་རང་རྟོན། རང་བརྩོན། རང་ཚུགས་སོགས་ལ་སྤྱི་པའི་རིག་གནས་ཞབས་ཞུའི་ཚན་པ་དང་བདེ་ཐང་གི་སྐྱེ་བོ་ཚང་མས་ཁོ་ཚོར་བསམ་ཤེས་དང་བརྩི་བཀུར། གང་སྤྱིར་ཁས་ལེན་དང་བསྔགས་བརྗོད་གནང་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ།


ཐེངས་འདིའི་པེ་ཅིན་གྱི་འགྲན་བསྡུར་ནང་ཚེ་རིང་ལགས་ཀྱིས་རང་ཉིད་ལ་རེ་བ་དང་ཡིད་ཆེས་བརྟན་པོ་བཅངས་ཡོད།


ང་ཚོས་ཚེ་རིང་ལགས་ལ་ཞུ་རྒྱུར། ཚེ་རིང་ལགས། ང་ཚོ་ནི་ཁྱེད་ཀྱི་ཞུམ་མེད་ཀྱི་རྒྱབ་རྩ་ཡིན།



རྡེབ་གནོན་གྲངས་ཚད། TOP