བོད་ལྗོངས་གྲངས་འགྱུར་རིག་གནས་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ།
བོད་ཡིག་གནའ་དཔེའི་རྣམ་བཤད་པར་དུ་བསྐྲུན་པ།

དུས་ཚོད།:2018-06-24 14:08:50 རྩོམ་སྒྲིག: འབྱུང་ཁུངས།:བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།

བོད་ཡིག་གནའ་དཔེའི་རྣམ་བཤད་པར་དུ་བསྐྲུན་པ།

བོད་ཡིག་གནའ་དཔེའི་རྣམ་བཤད་ཅེས་པའི་དཔེ་དེབ་དེ་ནི་སྔོན་གྱི་མཁས་པ་གོང་མ་རྣམས་ཀྱི་གནའ་དཔེའི་སྐོར་གྱི་ཞིབ་འཇུག་འབྲས་བུར་རྩོམ་གདན་བཅོལ་ཏེ་དེང་གི་གནའ་དཔེ་རིག་པའི་གཞུང་ལུགས་དང་གོ་བསྟུན་ནས་བརྩམས་པའི་བོད་ཡིག་གནའ་དཔེ་རིག་པའི་སྐོར་གྱི་དཔེ་དེབ་ཅིག་ཡིན།

དེབ་དེའི་ནང་དུ་དུས་རབས་མི་འདྲ་བའི་བོད་ཡིག་གནའ་དཔེའི་འབྲི་རྫས་དང་དཔེ་གཟུགས་རྣམ་པ། སྤྱན་ཁྱེར་གྱི་རྒྱ་དང་དབུ་ཞབས་ལྷ་སྐུ། གནའ་དཔེ་སྒོར་ཐིག་དང་ལྡེབ་གྲངས་རྒྱ་སོགས་ལ་རིག་ཚན་མང་པོའི་ཐད་ནས་དཔྱད་པ་བྱས་ཏེ། དུས་རབས་མི་འདྲ་བའི་གནའ་དཔེའི་ནང་དོན་དང་དཔེ་གཟུགས་སོགས་ལ་ཁྱད་ཆོས་ཅི་ཞིག་མཆིས་པ་ཕྱོགས་བསྡོམས་བྱས་པ་ཕུད། གནའ་དཔེ་སྲུང་སྐྱོབ་ཆེད་དུ་བསྒྲོན་པའི་བོད་ཡིག་གནའ་དཔེ་གླེགས་བམ་གཟུགས་ཀྱི་ཕྱིའི་སྒྲིལ་ཆས་ཏེ། གླེགས་ཤིང་དང་གླེགས་ཐག དཔེ་རས་དང་གདོང་དར། ཞལ་ཁེབས་བཅས་སོ་སོའི་བྱུང་བ་དང་བྱེད་ནུས་སོགས་བརྗོད་པའི་ཞོར་དུ། སྒྲིལ་ཆས་དེ་དག་གི་སྟེང་དུ་འབྲི་བརྐོས་བྱས་པའི་རི་མོ་དང་རྒྱུས་སྤུས་ཀྱི་ཐད་ལ་ཡང་དཔྱད་པ་བྱས་ཏེ། དུས་རབས་མི་འདྲ་བའི་ནང་དུ་འབྲི་བཞེངས་གནང་བའི་གནའ་དཔེ་སྤུས་མ་དག་གི་ཕྱིའི་ཁྱད་ཆོས་ཀྱང་བརྗོད་ཡོད། 

ལྷག་དོན་དུ་གོང་དུ་བརྗོད་པའི་གནའ་དཔེའི་ཕྱི་ནང་གི་ཁྱད་ཆོས་ལ་མགོ་བཏགས་བཅོལ་པ་དང་ཆབས་ཅིག་རྩོམ་པ་པོ་རང་ཉིད་ཀྱིས་དུས་ཡུན་བགྲང་བྱ་དུ་མའི་ནང་དུ་གནའ་དཔེ་ཡོངས་བཤེར་དང་ལེགས་བསྒྲིགས་ཀྱི་ཉམས་མྱོང་བཅས་ལ་བརྟེན་ནས་བོད་ཡིག་གནའ་དཔེའི་རིན་ཐང་གཏན་ལ་འབེབས་པའི་ཐབས་ལམ་བཅུ་བདུན་ཙམ་ཞིག་བརྗོད་ཡོད། མདོར་ན་དེབ་དེ་ནི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་ལ་མཁོ་འདོན་བྱས་པའི་གནའ་དཔེ་རིག་པའི་སྐོར་གྱི་གཞུང་ལུགས་ཤིག་ཏུ་འཁུམས། 

བོད་ཡིག་གནའ་དཔེའི་རྣམ་བཤད་ཅེས་པ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་2013ལོར་དཔེ་སྐྲུན་བྱས་པ་དེས། མི་རིགས་སློབ་ཆེན་ཁག་དང་བོད་ལྗོངས་སུ་བོད་ཡིག་གནའ་དཔེའི་སྐོར་གྱི་སློབ་དེབ་མེད་པའི་སྟོང་ཆ་ཡང་ཁ་སྐོང་པ་རེད།

རྩོམ་པ་པོ་པད་མ་བཀྲ་ཤིས། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གླ་ཕོག་ལེན་མཁན་གྱི་ཆེད་མཁས་ཡིན། ཁོང་ད་དུང་མཚོ་སྔོན་དགེ་འོས་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་གདན་ཞུས་ཞིབ་འཇུག་པ་ཡང་ཡིན།


རྡེབ་གནོན་གྲངས་ཚད། TOP